བོད་ཀྱི་ཡིག་སྐད་དང་དེའི་ཡིག་གཟུགས་གཉིས་ལ་ལོ་རྒྱུས་རྒྱུན་རིང་པོ་ཡོད་པ་དང་། ཡར་དེད་ན་དུས་རབས་བདུན་པའི་དུས་དཀྱིལ་ལ་སླེབས་ཆོག་གིན་ཡོད། དེ་བས་བོད་ཡིག་སྤྱོད་མཁན་དང་སྦྱོང་མཁན་དག་ལ་ཡིག་སྐད་ཀྱི་ཚིག་མཛོད་ཧ་ཅང་ཕུལ་དུ་བྱུང་བ་ཡོད།
འོན་ཀྱང་། བོད་ཀྱི་ས་ཆ་སོ་སོའི་ཡུལ་སྐད་དང་ཡིག་སྐད་ཀྱི་བར་ཁྱད་ཧ་ཅང་ཆེ་ཁར། ཡུལ་སྐད་དེ་དག་ཟིན་བྲིས་སུ་འདེབས་སྲོལ་ཡང་མེད་པ་རེད། དེ་བས་ཡུལ་སྐད་ཀྱི་ཚིག་མཛོད་ཧ་ཅང་ཉུང་། མིག་སྔར་ཡོད་པའི་ཡུལ་སྐད་ཀྱི་ཚིག་མཛོད་ཕལ་ཆེ་བ་ལྷ་ས་དང་ཨ་མདོ་ཡུལ་སྐད་ཀྱི་ཚིག་མཛོད་ཡིན་པ་རེད།
ཚིག་མཛོད་འདི་ནི་སྡེ་དགེའི་སྐད་ཀྱི་ཚིག་མཛོད་ཅིག་ཡིན། སྡེ་དགེ་སྐད་ནི་ཁམས་ཀྱི་ཡུལ་སྐད་སོ་སོའི་ནང་གི་སྐད་རིགས་གཙོ་བོ་ཞིག་ཡིན་ཞིང་། སྡེ་དགེ་སྐད་ནི་ཁམས་སྐད་ལས་གྲགས་ཡང་ཆེ་ཤོས་ཡིན་ཏེ། དེ་དང་ཡིག་སྐད་གཉིས་བར་ལ་འབྲེལ་བ་གཏིང་ཟབ་ཡོད་པས་སོ།།
ཚིག་མཛོད་འདིས་ཡིག་སྐད་ཚིག་མཛོད་ཀྱི་ཚབ་མཚོན་བྱེད་འདོད་པ་མིན་ཏེ། དེ་ནི་ཡུལ་གཞན་ནས་ཡོང་བའི་སྡེ་དགེ་སྐད་སྦྱོང་མཁན་དག་ལ་རམ་འདེགས་ཙམ་ཡིན། ཐ་སྙད་དེ་དག་བོད་ཡིག་གི་ལམ་ནས་བྲིས་ཡོད་པ་དང་། སློབ་མཁན་དག་གི་སྒྲ་དག་པོ་ཡོང་ཆེད་རྒྱལ་སྤྱིའི་སྒྲ་རྟགས་ཀྱི་སྐད་དོད་དང་སྒྲ་ཕབས་ཡོད། ཐ་སྙད་ཁ་ཤས་ཁ་སྐད་ཀྱི་སྒྲ་གདངས་དང་མཐུན་ཆེད་ཡིག་གཟུགས་ལ་འགྱུར་བ་བཏང་ནས་བྲིས་ཡོད། འདི་འདྲའི་གནས་ཚུལ་འོག་ནས་ང་ཚོས་གུག་རྟགས་[…]འདིའི་ནང་དུ་དེའི་འབྲི་ཚུལ་ཡང་དག་གམ་མཆན་འགྲེལ་སོགས་བཀོད་ཡོད།
ང་ཚོས་སྡེ་དགེ་སྐད་ཀྱི་ཚིག་མཛོད་འདི་བོད་ཀྱི་ཡུལ་སྐད་ཀྱི་གྲངས་འབོར་ལ་ཁ་སྐོང་ཙམ་དང་། བོད་ཀྱི་ཡུལ་སྐད་ཞིབ་བསྡུར་ཞིབ་འཇུག་ལ་གྲུབ་འབྲས་ཅུང་ཙམ་ཐོན་པའི་རེ་བ་ཡོད༎